ང་ཚོས་མཉམ་དུ་གཞས་ཤིག་གཏོང་།

ང་ཚོས་མཉམ་དུ་གཞས་ཤིག་གཏོང་།ཉན་ཐེངས།

རྔ་ཆུ་བཞུར་སྒྲ་ཚང་།

སྤེལ་དུས།2017-07-31 15:27:38

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

གཞས་ཚིག ཁ་སྒང་སྤྱན་འབངས།
དབྱངས། ཡོན་ཏན་མགོན་པོ། གྲགས་བྷེ།
ལེན་མཁན། རྔ་ཆུ་བཞུར་སྒྲ་ཚང་།

མེས་པོ་ཚོ་ཡར་ཀླུང་ནས་གནས་འདིར་ཡོང་དུས།
བཙན་པོ་ལ་དམ་ཚིག་གི་ཨ་ལུང་བཞག་ཡོད།
ཡུལ་འདི་ནས་མེས་པོ་ཚོས་བཙན་པོའི་བཀའ་ཚིག་སྲུང་བཞིན།
ཡུལ་འདི་ནས་མེས་པོ་ཚོས་ཕ་ཡུལ་ཡར་ཀླུང་དྲན་བཞིན།
སེམས་ཁོང་གི་དྲན་གདུང་གཞས་ལ་བཀུགས་མྱོང་།
རུས་པ་སྲ་བའི་མེས་པོ་ཚོ།།
བློ་ཁོག་ཡངས་པའི་མེས་པོ་ཚོ།།
རྟུལ་ཕོད་ཅན་གྱི་མེས་པོ་ཚོ།།
དཔའ་འཛངས་ཆེ་བའི་མེས་པོ་ཚོ།།
གཙང་པོ་བཞིན་བཞུར་སོང་རུང་།
ཉི་འོད་བཞིན་ནུབ་སོང་རུང་།
ང་ཚོ་ལ་གངས་རི་དང་རྩྭ་ཐང་བཞག་ཡོད།།
ང་ཚོ་ལ་ནོར་ནག་དང་ལུག་ཁྱུ་བཞག་ཡོད།།
ང་ཚོ་ལ་ཞིང་ས་དང་འབྲུ་དྲུག་བཞག་ཡོད།།
ང་ཚོ་ལ་བདེ་སྐྱིད་ཀྱི་ཁྱིམ་གཞིས་བསྐྲུན་ཡོད།།
དེ་རིང་སྤུན་ཟླ་ང་ཚོས་མཉམ་དུ་གཞས་ཤིག་གཏོང་།།
མེས་པོ་བློ་ཁོག་ཅན་ཚོ་དྲན་བཞིན་གཞས་ཤིག་གཏོང་།།
རྒས་པའི་ཕ་མ་དེ་ཚོ་བསམ་བཞིན་གཞས་ཤིག་གཏོང་།།
གཞོན་རབས་བྱིས་པ་དེ་ཚོ་གླེང་བཞིན་གཞས་ཤིག་གཏོང་།།

མེས་པོ་ཚོ་ཡར་ཀླུང་ནས་གནས་འདིར་ཡོང་དུས།
བཙན་པོ་ལ་དམ་ཚིག་གི་ཨ་ལུང་བཞག་ཡོད།
ཡུལ་འདི་ནས་མེས་པོ་ཚོས་བཙན་པོའི་བཀའ་ཚིག་སྲུང་བཞིན།
ཡུལ་འདི་ནས་མེས་པོ་ཚོས་ཕ་ཡུལ་ཡར་ཀླུང་དྲན་བཞིན།
དཔའ་འཛངས་ཀྱི་ང་རོ་གཡུལ་ལ་བསྒྲགས་མྱོང་།
ཕྱི་ཐག་རིང་བའི་མེས་པོ་ཚོ།།
དཔའ་སྤོབས་མཐོ་བའི་མེས་པོ་ཚོ།།
རྣམ་དཔྱོད་ཡངས་པའི་མེས་པོ་ཚོ།།
སྙིང་རུས་ཆེ་བའི་མེས་པོ་ཚོ།།
གཙང་པོ་བཞིན་བཞུར་སོང་རུང་།
ཉི་འོད་བཞིན་ནུབ་སོང་རུང་།
ང་ཚོ་ལ་ཤེས་རིག་གི་འོད་སྣང་སྦར་ཡོད།།
ང་ཚོ་ལ་བདེན་པ་ཡི་སྨྲ་ལྕེ་བསྩལ་ཡོད།།
ང་ཚོ་ལ་བློ་གྲོས་ཀྱི་གཤོག་པ་བཙུགས་ཡོད།།
ང་ཚོ་ལ་དབྱངས་གསལ་གྱི་ང་རོ་གནང་ཡོད།།
དེ་རིང་སྤུན་ཟླ་ང་ཚོས་མཉམ་དུ་གཞས་ཤིག་གཏོང་།།
མེས་པོ་བློ་ཁོག་ཅན་ཚོ་དྲན་བཞིན་གཞས་ཤིག་གཏོང་།།
རྒས་པའི་ཕ་མ་དེ་ཚོ་བསམ་བཞིན་གཞས་ཤིག་གཏོང་།།
གཞོན་རབས་བྱིས་པ་དེ་ཚོ་གླེང་བཞིན་གཞས་ཤིག་གཏོང་།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com