མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

ཚེ་རིང་ལྷ་མོའི་གླུ་གཞས་ཆེད་བསྒྲིགས་ཐོག་མ《ཕ་གཞིས》ལེགས་གྲུབ་བྱུང་།

2015-03-30 15:27:52 ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས།

ce755e36a0220f68319569f93d9a8a98.jpg

          ཚེ་རིང་ལྷ་མོ་ནི་མདོ་སྨད་རྨ་ཀླུང་དལ་འབབ་རིང་མོའི་ལྷོ་རྒྱུད་ཁྲི་ཀའི་ཡུལ་ནས་སྐྱེས་ཤིང་། སློབ་གྲྭ་ཆེ་མ་ཆུང་གསུམ་རིམ་བཞིན་འགྲིམས་ནས་སྤྱི་ལོ་ཉིས་སྟོང་ལྔ་ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་ནས་དངོས་གཞི་མཐར་ཕྱིན་རྗེས་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དུ་ཡོང་ནས་སྙན་སྒྲོན་པའི་ལས་ཀ་གཉེར། སྙན་སྒྲོན་དང་མདོ་འཛིན་ནི་ཁོ་མོའི་ཆུང་དུས་ནས་ད་ལྟའི་བར་གྱི་ཧ་ཅང་དགའ་ཞིང་དུངས་བའི་ལས་རིགས་ཤིག་ཡིན་ལ། རང་ཉིད་ཀྱི་དགའ་ཕྱོགས་ལ་དུས་ཡུན་རིང་བོར་རང་ནུས་ཀྱིས་འབད་པ་བྱས་པས་གཞི་ནས་བྱ་བའི་ལས་རྐང་དེར་འཇུ་ཐུབ་པ་བྱུང་།

        ཚེ་རིང་ལྷ་མོ་ལ་མཚོན་ན་གླུ་ལེན་རྒྱུ་དེའང་ཆུང་དུས་ནས་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ་ཚར་ཡོད་ཅིང་། སྙན་མོ་གླུ་ཡི་དབྱངས་རྟ་དང་བབ་ཆགས་ཚིག་གི་འགྲོས་རིམ་གྱིས་དུས་རྒྱུན་ཁོ་མོའི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་མངོན་པར་མཚོན་ཐུབ་པས། ད་ཐེངས་ཀྱི་ཆེད་བསྒྲིགས་ནང་དུ་ཁོ་མོ་རང་ཉིད་ཀྱི་སེམས་ཚོར་དང་བསྟུན་ནས་གཞས་ཚིག་ཁ་ཤས་ཤིག་ཀྱང་བྲིས་འདུག་སྟེ། དེ་བཞིན་གླུ་གཞས་ལེན་རྒྱུ་ཁོ་མོའི་བྱ་བའི་ཞོར་གྱི་ཆེས་སྤྲོ་དགའ་ཆེ་བའི་ལས་དེ་ཡིན་པར་བརྟེན། ལོ་ངོ་གསུམ་ཙམ་ལ་རང་ཉིད་ཀྱི་དགའ་བ་དེ་རྒྱུན་བརྐྱངས་ཏེ་ཆེད་བསྒྲིགས་ཐོག་མ«ཕ་གཞིས»ཞེས་པ་ལེགས་འགྲུབ་བྱུང་སྟེ་བོད་ཁུལ་གྱི་ས་གནས་སོ་སོར་འགྲེམ་རྒྱུ་ཡིན་འདུག་ཅིང་། ཆེད་བསྒྲིགས་འདིའི་ནང་དུ་ཁོ་མོས་ཕ་ཡུལ་གངས་ལྗོངས་ཕྱུག་མོར་བཅངས་བའི་ལྷད་མེད་ཀྱི་བརྩེ་བ་དང་དུངས་བ་དབྱངས་སུ་གྱེར་ནས་ཕུ་ནུ་མིང་སྲིང་ཚོར་སྐྱེས་སུ་ཕུལ་ཡོད་པས། རྒྱ་ཆེ་བའི་རིགས་མཐུན་ཕུ་ནུ་མིང་སྲིང་ཚོའི་དར་ལུང་རྣ་བའི་གསོས་དང་ཁྲ་ཆུང་མིག་གི་རྒྱགས་ཕྱེ་རུ་འགྱུར་བར་སྨོན།

626e27ecfedc97d50ac56c0f0129f2f1.jpg

ལོ་རྒྱུས་མདོར་བསྡུས།

        ཚེ་རིང་ལྷ་མོ། མདོ་སྨད་ཁྲི་ཀར་སྐྱེས་ཤིང་། 2005ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་ནས་སློབ་མཐར་ཕྱིན། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཁོར་སྐར་འཕྲིན་ལམ་དུ་གསར་འགྱུར་སྙན་སྒྲོན་དང་མདོ་འཛིན་གྱི་བྱ་བ་སྒྲུབ་བཞིན་ཡོད། སྙན་སྒྲོན་དང་མདོ་འཛིན་ནི་ཁོ་མོ་ཆུང་དུས་ནས་ཧ་ཅང་དགའ་ཞིང་སྤྲོ་བས་འཇུག་པའི་ལས་ཀ་རིགས་ཤིག་ཡིན་ལ། ཕུགས་བསམ་དེའི་ཆེད་དུས་ཡུན་རིང་བོར་རང་ནུས་ཀྱིས་འབད་པ་བྱས་སྟབས་བྱ་བའི་ལས་རྐང་དེར་གཞི་ནས་འཇུ་ཐུབ་པ་བྱུང་། 2005ལོར་བྱ་བར་ཞུགས་པ་ནས་ད་ལྟའི་བར་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན«གསར་འགྱུར་མེ་ལོང»ལེ་ཚན་གྱི་སྙན་སྒྲོན་པ་དང་། བོད་སྐད«ཀྲུང་དབྱང་གསར་འགྱུར་མཉམ་སྒྲོག»གི་སྙན་སྒྲོན་པའི་འགན་ཁུར་ཞིང་། རིག་རྩལ་ལེ་ཚན་མང་པོར་མདོ་འཛིན་གྱི་བྱ་བའང་བསྒྲུབས། དེ་མིན། ལོ་རེའི་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་སོགས་ཚོགས་འདུ་གལ་ཆེན་སྐོར་ཞིག་གི་གསར་འགོད་པ་དང་ཡུལ་དངོས་མདོ་འཛིན་པའི་འགན་ཁུར་མྱོང་བ་མ་ཟད། ལོ་སར་རིག་རྩལ་སྤྲོ་ཚོགས་གཙོས་སྤྲོ་ཚོགས་ཆེ་མ་ཆུང་གསུམ་མང་པོར་མདོ་འཛིན་གྱི་བྱ་བ་བསྒྲུབས་པ་དང་། སྙན་སྒྲོན་དང་མདོ་འཛིན་བྱས་པའི་ལེ་ཚན་དང་སྤྲོ་ཚོགས་སྐོར་ཞིག་ལ་ཞིང་ཆེན་དང་རྒྱལ་ཡོངས་རིམ་པའི་བྱ་དགའ་ཐོབ།
 

ཚོང་འབྲེལ་ཁ་པར།

སི་ཁྲོན། སྐལ་བཟང་སྦྱིན་པ། ༡༨༠༡༥༧༦༢༢༢༢

མཚོ་སྔོན། ལྷ་དཔལ་རྣམ་རྒྱལ། ༡༨༦༩༧༨༨༥༥༥༧

ལྷ་ས། བསོད་ནམས། ༡༣༦༥༨༩༩༡༦༨༡