ཆོས་མཚོ། ཀློག་གྲངས། ཆོས་མཚོ།

༈ མཚམས་སྦྱོར་མདོར་བསྡུས།

    ཆོས་མཚོ་ནི་མདོ་ལྷོ་ཁུལ་རྨ་ཆུ་རྫོང་དབལ་བཎ་འབྲོག་སྡེའམ་རྨ་ཁུག་མགོ་ནོར་བུ་དགའ་འཁྱིལ་གྱི་རི་སྡེ་སྨུག་པོ་རུ་སྐྱེས།  ཕ་མེས་ཀྱི་དམངས་གླུ་སྙན་མོའི་འགྱུར་ཁུག་གི་ལྟེབས་རིམ་རེ་རེ་ནས་མེས་པོ་གོང་མའི་དཔའ་མཛངས་རྟུལ་ཕོད་ཀྱི་ཟིལ་ཤུགས་མངོན་ཡོང་ལ། མེས་མོ་རུས་དཀར་མའི་བློ་གཤོག་ཤེས་རྒྱ་ཡི་མངའ་ཐང་འཛུམ་ཡོང་། ད་དུང་གངས་རྫ་སྤང་གསུམ་དང་རྨ་འབྲི་རྫ་གསུམ། རྟ་ནོར་ལུག་གསུམ་དང་འབྲོག་རྐྱང་རྒོད་གསུམ། སྦྲ་རོག་རོག་ཅན་གྱི་ཁྲི་སྡེ་དང་ཁང་སྐྱ་ལེབ་ཅན་གྱི་རོང་སྡེ། མགོ་གསེར་ཏོག་ཅན་གྱི་ཆོས་སྡེ། དད་པའི་གནས། དག་པའི་ཞིང་། དྭངས་འདྲེན་ཡུལ། སྙིང་རྗེ་ལྗོངས། ཡིག་དྲུག་གི་བྱིན་རླབས་འཁྱིལ་བ་སོགས་རང་བྱུང་ལྷུན་གྲུབ་ཀྱི་བོད་མིའི་ཕྱི་ནང་གི་འཚོ་བའི་མཛེས་བརྙན་དག་གསལ་ཡོང་། ཚོར་བའི་རུས་རྐང་ལ་ལྷུང་བའི་དབལ་བཎ་འབྲོག་མོའི་གླུ་སྐད་ནི་མཐོ་ལྗོངས་ལུང་པ་འདིའི་དུས་རབས་གསར་རྙིང་གཉིས་ཀྱི་ཅོང་བརྡ་ཡིན་ལ་འཚོ་གསར་རྙིང་གཉིས་ཀྱི་སྒོ་འབྱེད་ལྡེ་མིག་དེ་ཡིན། 

    སྔར་ཕྱིར་སྲོལ་རྒྱུན་དམངས་གླུའི་གཞིར་དབྱངས་ཁྲོད་ཨ་མདོའི་རྡུང་ལེན་གྱི་འགུག་རྟ་དཀྲོག་གསུམ་ལ་བློ་གཤོག་སྤྱད་པས་ངལ་འབྲས་ཀྱི་དབྱངས་རྟ་དག་བོད་ཁུལ་གྱི་དགོངས་འཚོགས་ཆེ་ཆུང་དག་དུ་མཆོད་པར་ཕུལ་སྟེ་ལང་ཚོའི་རྨི་ལམ་ཕ་ཡུལ་གྱི་བར་སྣང་ནས་བོད་ཡུལ་གྱི་ལུང་པར་བསྐྱོད། ༼   བཞི་བཅུའི་སྣང་བའི་རྗེས་དྲན  ༽ སོགས་བོད་ཁུལ་ཡོངས་ཀྱིས་དོ་ཁུར་གནང་གིན་པའི་དགོངས་འཚོགས་དག་ནས་ཕ་སྐད་སྙན་མོའི་འགྱུག་ཁུག་དང་སྐྱེ་གཟུགས་དྲང་མོའི་སྒེག་ཉམས། འཛུམ་ཡག་སྒྲ་སྙན་གྱི་ཡོན་ཏན་ཀུན་ལྡན་གྱིས་ཉན་མཁན་ཁྲི་སྟོང་གི་སྙན་པའི་དབང་བོ་གསོས་བ་དང་སྐྱོ་ངལ་སྣང་འདྲེན་གྱི་སྒེག་མོར་སྨིན།  ད་དུང་ཕ་ཡུལ་མི་དམངས་ཀྱི་ཤ་རུས་རྐང་དུ་ཟུག་པའི་སྲོལ་རྒྱུན་དམངས་གླུའི་འགུག་དབྱངས་དོན་གསུམ་ལྷད་མ་འདྲེས་པའི་ལེན་ལུགས་དང་དེའི་འགྱུར་དབྱངས་ཚིག་གསུམ་ནི་སྟོད་གངས་རིའི་འདབས་ཀྱི་དྭངས་གཙང་གི་རྫ་ཆུ་བསིལ་མའི་བཞུར་སྒྲའམ་དོན་ཕྱྰ་གཡང་སྩོལ་བའི་བཀྲ་ཤིས་པའི་ལྷ་དར་རིང་མོ་དེའོ།

    མདོར་ན། གླུ་མ་ཆོས་མཚོ་ནི་རྨ་ཁུག་མགོ་ནོར་བུ་དགའ་འཁྱིལ་ནས་ངག་གི་སྙན་པ་མཐོ་ལྗོངས་ལུང་པའི་རྨི་ལམ་ལ་ལྗང་མདོག་གི་ལན་བུ་བསྩོལ་མཁན་གྱི་དོན་དང་ལྡན་པའི་གླུ་མ་དེའོ།