ཀླུ་རྒྱལ་དབང་ཕྱུག ཀློག་གྲངས། ཀླུ་རྒྱལ་དབང་ཕྱུག

༈ མཚམས་སྦྱོར་མདོར་བསྡུས།

        བོང་སྟག་འབྲོག་སྡེ་༼ཐེམ་ཆེན་༽ཕྱུག་མོའི་རྡུང་ལེན་པ་ཀླུ་རྒྱལ་དབང་ཕྱུག་ནི་རྡུང་ལེན་རིག་པའི་ཤེས་བྱར་དགའ་ཞེན་དང་བརྩོན་སེམས་མོས་པའི་གཞོན་སྐྱེས་གླུ་བ་ཞིག་ཡིན་ལ།  སྒྲ་སྙན་འབྲུག་མགོའི་འགྱུར་ཁུག་ལ་སྐད་ངག་སྙན་མོའི་མཛེས་ཆ་གཞོལ་བས་ཚད་ལྡན་གླུ་བ་ཞིག་ཡིན།  ཁོའི་གླུ་སྐད་སྙན་མོ་ཐེམ་ཆེན་རི་བོའི་མཁའ་དབྱིངས་ནས་ལུང་པ་དང་ལུང་པར་བསྐྱོད་པ་དང་མར་རྩམ་འོ་ཞོ་མངར་བའི་བོད་རིགས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་བར་གསེང་གི་སེམས་ངལ་གསོ་བའི་འོ་ཇ་ལྟར་བུར་གྱུར་ཡོད་པ་རེད།  ཐེམ་ཆེན་གྱི་མཁའ་དབྱིངས་སུ་མཆེད་པའི་རྒོད་ཕྲུག་གི་གཤོག་འགྱུར་འདི་ནི།  ཐེམ་ཆེན་གྱི་རྩྭ་ཐང་ནས་མཆེད་པའི་མེས་པོའི་གླུ་སྐད་འདི་ནི།  ཐེམ་ཆེན་དང་ཡང་ན་བོད་ཡུལ་ཨ་མདོའི་ལུང་པའི་རྒན་དར་གཞོན་གསུམ་གྱི་དགའ་དགོད་འཛུམ་གྱི་བར་གསེང་ནས་མཆེད་པའི་སྙན་པའི་བུ་ག་ནི། ཀླུ་རྒྱལ་དབང་ཕྱུག་གི་རྡུང་ལེན་སྙན་མོའི་དབྱངས་རྟ་ཡིན་ལ། ཀླུ་སྐད་དབང་ཕྱུག་གི་སྒྲ་སྙན་སྙན་མོའི་གདངས་འགྲོས་ཡིན། གླུ་སྐད་འདི་ནི་ལུང་པ་འདིའི་གླུ་སྒོ་འབྱེད་པའི་ལྡེ་མིག་དང་རྩྭ་ཐང་འདིར་བདེ་སྐྱིད་སྦྱིན་པའི་ཉི་ཟེར་ཡིན་ནོ།  །

        ཁོ་རང་སྔར་ཕྱིར་མཚོ་ནུབ་ས་ཁུལ་གྱི་བོད་ཀྱི་ལོ་སར་དགོང་འཚོགས་དང་མདོ་སྨད་སོག་རྫོང་ས་ཆའི་རྡུང་ལེན་འགྲན་ཚོགས་སུ་ཞུགས་ནས་རང་གི་གླུ་ངག་སྙན་མོས་མཆོད་པ་དང་གར་གྱི་ལྡེམ་མྱུར་ནི་ལང་ཚོའི་གཟི་འོད་འབར་བའི་ཤ་དར་ངག་དར་གྱི་གཞོན་ནུ་འདིའི་ང་རོའོ། ངལ་དང་བརྩོན་ལས་བྱུང་བའི་ཆེད་བསྒྲིགས་དུ་མ་ཡོད་ལ།  དེ་དག་ལས་༼ལང་ཚོའི་གླུ་སྐད་༽ནི་གཞོན་ནུ་སྟག་ཤར་ཚོའི་ལང་ཚོའི་ཉམས་སྣང་ཡིན་ལ། ཕ་སྐད་མ་ཡིག་གི་རེ་སྐུལ་དང་མཐུན་སྒྲིལ་མཉམ་གནས་གྱི་ལྟ་བ།  འཚོ་གསར་མེ་ལོང་གི་དབྱངས་སྙན་སོགས་༼རེ་བའི་བུ་ཆུང་༽གི་རྒྱུད་སྐུད་ལས་ཐེམ་ཆེན་གྱི་མཁའ་དབྱིངས་སུ་བཏབ་པའི་སེམས་འདུན་གཙང་མ་དེ་ཡིན། མེས་པོ་རལ་བ་ཅན་གྱི་ངག་སྒོ་ནས་མཆེད་པ་དང་མེས་པོ་རུས་དཀར་ཅན་ཚོས་རིགས་རྒྱུད་ལ་གནང་བ།  སྔོན་བྱོན་མཁས་པཎ་རྣམས་ཀྱི་རྣམ་དཔྱོད་ལས་མཆེད་པ་སོགས་གཞོན་ནུ་རུས་དཀར་ཅན་འདིའི་༼གསེར་གྱི་ཕ་སྐད་༽གྱི་གདངས་འགྲོས་གསལ་ལ།  བབ་ཆགས་ལྷོད་ཡངས་སྟེར་བའི་དབྱངས་ཀྱི་སྙན་པ་ནི།  ང་ཡི་སེམས་བྱུང་གི་ཚོར་འདུ་ཡིན་ལ།  ཁྱེད་ཀྱི་རིགས་དྲུག་གི་རྣམ་ཤེས་ཡིན།  

        མདོར་ན།   གླུ་བ་ཀླུ་རྒྱལ་དབང་ཕྱུག་ནི་ཐེམ་ཆེན་རྩྭ་ཐང་གི་འབྲོག་ཕྲུག་ཞིག་སྟེ།  རིགས་ཀྱི་རུས་པ་དང་དབྱངས་ཀྱི་ཚོར་འདུ་རྣོ་བའི་ཚད་ལྡན་གྱི་རྡུང་ལེན་པ་ཡིན་ནོ།  །  འདིར་ཁོང་གི་གླུ་ངག་སྙན་མོའི་ས་ལམ་སྔར་ལས་ཡངས་བའི་སྨོན་འདུག་སྙིང་ནས་ཞུའོ།  །