ནག་བཟའ་ཚེ་རིང་སྒྲོལ་མ། ཀློག་གྲངས། ནག་བཟའ་ཚེ་རིང་སྒྲོལ་མ།

༈ མཚམས་སྦྱོར་མདོར་བསྡུས།

         ནག་བཟའ་ཚེ་རིང་སྒྲོལ་མ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིག་རང་སྐྱོང་ཁུལ་རྟ་བོ་གྲོང་བརྡལ་ནས་སྐྱེས་ཤིང་། 2008ལོར་མཚོ་སྔོན་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་ནས་དངོས་གཞིའི་བསླབ་གནས་བླངས་པ་དང་། 2009ལོ་ནས་ད་ལྟའི་བར་མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ་ཕྱག་ལས་གནང་བཞིན་ཡོད། ཁོ་མོ་ཆུང་དུས་ནས་གླུ་གར་སྒྱུ་རྩལ་གྱི་ཐད་གཞན་དང་མི་མཚུངས་པའི་ལྷན་སྐྱེས་ཀྱི་འཇོན་ཐང་ལྡན་ལ། སློབ་གཉེར་གྱི་གོ་རིམ་ཁྲོད་རོལ་མོ་སྒྱུ་རྩལ་གྱི་ཕྱོགས་ལ་རང་སྦྱོང་དང་ཚོད་ལྟ་གང་མང་བྱས། ད་ལྟའི་བར་རིག་རྩལ་སྤྲོ་ཚོགས་ཆེ་མ་ཆུང་གསུམ་གང་མང་ལ་ཞུགས་མྱོང་བ་དང་། རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། 2004ལོའི་ཟླ8པར་མགོ་ལོག་ཁུལ་བཙུགས་ནས་ལོ་འཁོར50ལོན་པར་ལེགས་སྐྱེས་སུ་ཕུལ་པའི"རྨ་ཆེན་གངས་རིའི་གཟི་མཉམ"ཞེས་པའི་འོད་སྡེར་ནང་《གྱེས་གླུ》ཞེས་པའི་ཁོ་མོའི་ཆེས་ཐོག་མའི་རྐྱང་གཞས་དེ་བདམས་པ་དང་། 2010ལོར་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པས་བསྡུས་པའི་ཨ་མདོའི་བོད་ཀྱི་ལོ་སར་སྤྲོ་ཚོགས་སྟེང་ཞུགས། 2011ལོའི་ཟླ6པར་མགོ་ལོག་ཁུལ་གྱིས་བསྡུས་པའི་པེ་ཅིན་སྙིང་རྗེ་སློབ་གསོ་རོགས་སྐྱོར་བྱེད་པའི་སྤྱི་ཕན་འཁྲབ་སྟོན་ལ་ཞུགས། 2011ལོའི་ཟླ10པར“རྩྭ་ཐང་གི་འབོད་སྐུལ”ཞེས་པའི་འོད་སྡེར་དུ་ཁོ་མོའི་གླུ་དབྱངས་བརྩམས་ཆོས་གཉིས་པ་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བརྗོད་བྱར་བཟུང་བའི《སོས་མི་སྲིད་པའི་རྨ་ཁ》ཞེས་པ་བདམས་པ་དང་། རྒྱལ་སྤྱི་རི་སྐྱེས་སྐྱེ་དངོས་སྲུང་སྐྱོང(FFI)ཀྲུང་གོའི་རྣམ་གྲངས་དང་རྨ་ཆུའི་འབྱུང་ཁུངས་ཀྱི་བོད་ཀྱི་སྐྱེ་ཁམས་རིག་གནས་དང་ཁམས་གསོ་མཐུན་ཚོགས་ཀྱིས“རྩྭ་ཐང་གི་སྲུང་དམག”ཞེས་པའི་མཚན་སྙན་གནང་། 2011ལོའི་ཟླ12པར་ཁོ་མོའི་གླུ་དབྱངས་བརྩམས་ཆོས་གསུམ་པ་སྟེ《མཐོ་སྒང་དུ་བཞད་པའི་མེ་ཏོག》ཞེས་པ་དྲ་ཚིགས་བརྒྱུད་དེ་འགྲེམས་སྤེལ་བྱས། 2012ལོའི་ཟླ6པར་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་སྡེ་ཁག་གི་རིག་རྩལ་འཁྲབ་སྟོན་དུ་ཞུགས་ནས《མཐོ་སྒང་དུ་བཞད་པའི་མེ་ཏོག》ཞེས་པའི་གླུ་གཞས་ལ་བྱ་དགའ་ཨང་གཉིས་པ་ཐོབ། 2013ལོའི་ཟླ4པར་ཁོ་མོའི་གླུ་དབྱངས་བརྩམས་ཆོས་བཞི་པ་སྟེ《སྒྲོལ་མའི་མི་ཚེ་གཅིག》ཅེས་པ་འགྲེམས་སྤེལ་བྱས་ཤིང་། ཟླ6པའི་ནང་བོད་ཀྱི་གླུ་བ་གླུ་མ་མང་པོ་དང་མཉམ་དུ་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གིས་བསྡུས་པའི་སློབ་གསོ་རོགས་སྐྱོར་འཁྲབ་སྟོན་ལ་ཞུགས། 2013ལོའི་ཟླ9བའི་ནང་ཁོ་མོའི་རྐྱང་གཞས་ལྔ་བ་སྟེ《རིང་ལ་མཛའ་གྲོགས་གཅིག་ཡོད》ཅེས་པ་འགྲེམས་སྤེལ་བྱས་ཤིང་། ད་དུང《མཁའ་མཐའི་ཨ་ཕ་ཨ་མ》དང《ང་ཡི་ཕ་ཡུལ》སོགས་རྐྱང་གཞས་གསར་ཤོས་འགའ་སྒྲ་ལེན་སྒྲིག་སྦྱོང་བྱེད་མུས་སུ་མཆིས།   །

གཞས་ལ་གསན་རོགས།  http://music.tibet3.com/music/playlist/2013-10-18/78.html   http://music.tibet3.com/music/playlist/2017-02-09/332.html