ཀླུ་མོ་གཡང་སྒྲོན། ཀློག་གྲངས། ཀླུ་མོ་གཡང་སྒྲོན།

༈ མཚམས་སྦྱོར་མདོར་བསྡུས།

          ཀླུ་མོ་གཡང་སྒྲོན་ནི་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་དུ་སྐྱེས་ཤིང་། ཁོ་མོ་ལོ་ན་ཆུང་དུས་ནས་གླུ་གར་སྒྱུ་རྩལ་ལ་ཧ་ཅང་དགའ་བ་དང་། ལོ་བཞི་ཙམ་གྱི་སྟེང་ནས་གར་སྟེགས་སྟེང་བྱ་དགའ་ཐེངས་དང་པོ་ཐོབ་ལ། ད་ལྟའི་བར་དུ་བྱ་དགའ་ཆེ་ཆུང་བཅུ་ཕྲག་ལྷག་བླངས་མྱོང་། ཁྱད་པར་དུ2007ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྡུས་པའི“སྐར་འོད་ལམ་ཆེན”ཞེས་པའི་རིག་རྩལ་འགྲན་ཚོགས་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། ཁོ་མོས་ནམ་རྒྱུན་བཤད་དོན“ངས་འབྲས་ཆུ་ཅུང་ཙམ་བླངས་པ་འདི་ཨ་ཕས་གཅེས་སྐྱོང་དང་ཁ་འབྲལ་ཐབས་མེད་ལ། གལ་ཏེ་དྲིན་ཆེན་ཨ་ཕ་མེད་ན་ང་ལའང་ཅི་ཡང་མེད”ཅེས་ཟེར།
        ཀླུ་མོ་གཡང་སྒྲོན་གྱི་ཨ་ཕ་ནི་གླུ་དབྱངས་དགེ་རྒན་དཀྱུས་མ་ཞིག་ཡིན་ཞིང་། ཁོ་རང་ཡང་ཆུང་དུས་ནས་གླུ་གར་རྩེད་མོར་ཧ་ཅང་དགའ་བའི་དགེ་རྒན་དཔེ་ལེགས་ཅན་ཞིག་ཡིན། ཀླུ་མོ་གཡང་སྒྲོན་ལོ་བཞི་ཙམ་ལ་སོན་སྐབས། ཁོས་རང་གི་བུ་མོར་གླུ་གར་ཐད་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པ་མཐོང་བས་ཁོ་མོའི་ཁྱད་ཆོས་དེ་རིགས་ལྷུར་འདོན་བྱེད་པར་སེམས་ཐག་བཅད། དུས་དེ་ནས་བཟུང་ཁོས་བུ་མོར་སྦྱོང་བརྡར་ནན་མོ་བྱས་ཤིང་། དཀའ་ཚེགས་ཅི་ལའང་མ་འཛེམ་པར་ལས་ཞོར་དུ་ཟླ་བའི་སྟེང་དུ་ལོ་བསྣན་ཏེ་འབད་པ་བྱས་པར་བརྟེན། “མི་ལ་བརྩོན་འགྲུས་ལྡན་གྱུར་ཚེ།། རིན་ཆེན་རི་བོ་འབིགས་པར་སྣང་།།”ཞེས་པའི་དཔེ་བཞིན་བུ་མོར་ཡང་བྱ་དགའ་སྣ་ཚོགས་ཐོབ་པའི་སྐལ་བ་ལྡན་བྱུང་། ནམ་རྒྱུན་བརྒྱུད་རིམ་དེ་དག་གླེང་སྐབས་མོའི་ཨ་ཕ་ཡང་སེམས་འགུལ་གྱི་ཀློང་དུ་བྱིང་འགྲོ་བ་ཡིན། ཁྱིམ་ཚང་གང་བོའི་འཚོ་རྟེན་ཨ་ཕ་གཅིག་པུའི་ཟླ་ཕོགས་ལ་བརྟེན་དགོས་པས་འཚོ་བའི་ཐད་དཀའ་ངལ་ཆེ་རུང་ཁོ་མོར་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཆེད་ཆ་རྐྱེན་ཅུང་བཟང་བའི་རོང་བོ་གྲོང་རྡལ་དུ་ཉལ་ཁང་གཉིས་དང་ཚོམས་ཁང་གཅིག་ཅན་གྱི་ཁང་བ་ཞིག་གསོག་དངུལ་ཡོད་ཚད་བཏོན་ནས་ཉོས། ཁང་བ་དེར་ནང་བརྒྱན་སོགས་ཀྱིས་སྤྲས་མེད་མོད། ཀླུ་མོ་གཡང་སྒྲོན་ལ་སྦྱོང་བརྡར་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཆེད་ཁང་མིག་གཅིག་ཆེད་དུ་ཕྱུང་ནས་ཁོ་མོའི་ལུས་རྩལ་སྦྱང་ས་རུ་བཀོད་སྒྲིག་བྱས་འདུག  འཚོ་བའི་སྒྲིག་ཆས་ཐབས་ཆག་ཡིན་རུང་ཁོ་མོའི་སྦྱོང་བརྡར་བྱེད་སའི་ཁང་མིག་ནང་དུ་དགོས་ངེས་ཀྱི་ཡོ་ཆས་གང་མཁོ་སྒྲིག་པ་ལས་ཀྱང་ཨ་ཕའི་བརྩེ་སེམས་ཀྱི་ཆ་ཡོངས་སུ་མངོན་འདུག
         ཐིགས་པ་བསགས་པས་རྒྱ་མཚོ་རུ་གྲུབ་པ་བཞིན་ཕ་བུ་གཉིས་ཀྱི་ཆད་མེད་ཀྱི་བརྩོན་པ་ལས་ཀླུ་མོ་གཡང་སྒྲོན་ལ་སྟོན་གསུམ་གྱི་འབྲས་བཟང་ཡང་སྨིན་ཡོད་དེ། 2004ལོ་ནས་བཟུང་ཁོ་མོར་སྔ་གཞུག་ཏུ་ཞང་དང་རྫོང་། ཁུལ། ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་བཅུ་གཉིས་ལྷག་ཐོབ་ཅིང་། ལྷག་པར་དུ2007ལོའི་ཟླ4བའི་ཚེས11ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྡུས་པའི《སྐར་འོད་ལམ་ཆེན》ཞེས་པའི་རིག་རྩལ་འགྲན་ཚོགས་སུ་ཞུགས་ཏེ་ཕུལ་བྱུང་བྱ་དགའ་ཐོབ། 2007ལོའི་ཟླ4བའི་ཚེས21ཉིན་གྱི་སྐབས73པའི《རིམ་འདས་ན་གཞོན》ཞེས་པའི་འགྲན་ཚོགས་སྟེང“རིམ་འདས་ན་གཞོན”ཞེས་པའི་མཚན་སྙན་ཐོབ།
ཀླུ་མོ་གཡང་སྒྲོན། རི་གྲོང་གི་ཁུ་བྱུག་ཆུང་ཆུང་། ཁོ་མོའི་སྙན་མོའི་གླུ་དང་། གར་གྱི་སྟངས་སྟབས་ཀྱིས་གངས་ལྗོངས་ལ་དཔྱིད་དཔལ་ལྟ་བུའི་ཡིད་གསོས་ཀྱི་དུས་སྟོན་བསྩལ་པ་རེད། ཁྱོད་རང་འཕུར་དང་། ལྷུན་ཆགས་ཀྱི་གངས་རི་དཀར་བོ་ནམ་ཡང་ཁྱོད་རང་ངལ་གསོ་བྱེད་སའི་རྐང་རྟེན་དུ་བརླིང་ངེས།   །

    གཞས་ལ་གསན་རོགས།  http://music.tibet3.com/music/playlist/2013-11-01/89.html