གཡང་ཕྱུག་མཚོ། ཀློག་གྲངས། གཡང་ཕྱུག་མཚོ།

༈ མཚམས་སྦྱོར་མདོར་བསྡུས།

  གཡང་ཕྱུག་མཚོ་ནི་མདོ་སྨད་འབའ་ཐང་གི་མི་ཡིན་ལ།  2005ལོ་སྟེ་རང་ལོ14སྟེང་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་ཕབ་སྐྲུན་བྱས་པའི་བོད་སྐད་གློག་བརྙན་ཐོག་མ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཁྲོད་གཞོགས་འདེགས་འཁྲབ་སྟོན་པ་བྱས་མྱོང་ཞིང་། 2009ལོར་སྒྲོལ་མ་སྐྱིད་དང་རྡོ་རྗེ་སྐྱིད།  སྙིང་ལྕགས་ཚེ་རིང་བཅས་དང་ལྷན་དུ《གླིང་འབྲུག་མོའི་རོལ་ཚོགས》བཙུགས་ཏེ《བཀྲ་ཤིས་ཤོག》ཅེས་པའི་གཞས་དབྱངས་སྒྲིག་སྦྱོར་བྱས།  

  2010ལོར་གངས་ཅན་རིག་གནས་ཀུང་ཟི་དང་མཉམ་འབྲེལ་གྱིས་ཡུལ་ཤུལ་ས་འགུལ་ལ《ཞིག་རོའི་ཁྲོད་ཀྱི་ཚེ་སྲོག་ཆུང་ངུ》ཞེས་པའིMVཕབ་སྐྲུན་ལེགས་འགྲུབ་བྱུང་ཞིང་།  2010ལོར་ཧུའུ་ནན་འཁོར་སྐར་བརྙན་འཕྲིན་དང་མཚོ་སྔོན་འཁོར་སྐར་བརྙན་འཕྲིན་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི《མེ་ཏོག་ཆུན་པོ》གླུ་དབྱངས་འགྲན་བསྡུར་ཁྲོད་ཨང་བཞི་བའི་བྱ་དགའ་ཐོབ་ཡོད་པ་རེད།

  གལ་སྲིད་ང་ཚོས་ཐུན་མོང་གི་མིག་དབང་སྤྱད་དེ་གོང་གསལ་དུ་བཀོད་པའི་གཡང་ཕྱུག་མཚོའི་གླུ་དབྱངས་བརྙན་ཟློས་འདི་ལ་བལྟས་པ་ཡིན་ན།  ལོ་སུམ་ཅུ་བརྒལ་བའི་མི་མང་པོ་ཞིག་གིས“ཨ་ལས།  བུ་མོ་འདིས་ཡང་སྙིང་ག་རེ་བྱེད་ཀྱིན་འདུག  ཁོ་མོའི་ལུས་སྟེང་དུ་བོད་མིའི་དྲི་མ་ཙམ་ཡང་མི་འདུག”ཟེར་ངེས་ལ།  ཡང་ལོ་ཉི་ཤུ་བརྒལ་བའི་མི་འགའ་རེས“ཡ་མཚན་ཅི་ཡང་མི་འདུག་སྟེ།  ཁོ་མོས་རྒྱ་ནག་གི་གླུ་མ་ཚེ་དབྱི་ལན་སོགས་ལ་ལད་མོ་བྱས་པ་ཙམ་རེད”ཅེས་བརྗོད་སྲིད་པ་བརྒྱ་ཆའི་དྲུག་ཅུ་ཡན་ཟིན་པ་ཁོ་བོར་ཡིད་ཆེས་ཡོད་མོད། འོན་ཀྱང་ལོ་རབས་དགུ་ཅུའི་སྨད་ཀྱི་གླུ་མ་ཞིག་གི་ངོས་ནས་བཤད་ན་བོད་ཀྱི་གླུ་གར་གྱི་འཕོས་ཚུལ་དེ་ཅི་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ཡིན་པར་སུས་ཀྱང་ཁ་ཚོན་གཅོད་དཀའ་བས་ན་ཁོ་མོའི་གསར་བཏོན་གྱི་ཉམས་སྣང་འདིས་གཞོན་ནུའི་སེམས་ཤུགས་ཤིག་བཏེགས་མེད་པའི་ངེས་པ་སུ་ལ་སྒྲོན།  དེ་བས་ལོ་རྒན་དག་གིས་མིག་ངོས་ཀྱི་ས་རྡུལ་སྤྲུག་ཙམ་སྤྲུག་ཙམ་རེ་དང་།  ལོ་གཞོན་དག་གིས་སྙིང་ནང་གི་རླུང་བུ་གཏོང་ཙམ་གཏོང་ཙམ་བྱས་པས།  གླུ་མ་འདིའི་མཐར་ཐུགས་ཀྱི་སྙེགས་ས་ཞིག་མཐོང་ངེས་ལ། ཐ་ན་བོད་ཀྱི་གླུ་གར་དེ་ཡང་ལིས་ཏེ་ཀཱ་ཀཱ་ལྟ་བུ་ཞིག་གི་ལག་ཏུ་ཐེབས་ངེས་པར་ཁོ་བོ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།    །