ཡ་ཏུང་། ཀློག་གྲངས། ཡ་ཏུང་།

༈ མཚམས་སྦྱོར་མདོར་བསྡུས།

གླུ་བ་ཡ་ཏུང་།

        གླུ་བ་ཡ་ཏུང་ནི་ཁམས་སྡེ་དགེ་རུ་སྐྱེས་ཤིང་མིང་ཆ་ཚང་ལ་ཉི་མ་ཚེ་རིང་ཟེར། ལོ14སྟེང་དུ་ཨ་མ་དང་སྲིང་མོ་གཉིས་ལྷན་དུ་འཚོ་བ་རོལ་དགོས་བྱུང༌། རྐྱེན་གང་མང་གི་དབང་གིས་སློབ་ཆུང་ལོ་རིམ་གསུམ་པ་བཏོན་རྗེས་སློབ་གྲྭ་འགྲོ་འཚམས་འཇོག་དགོས་བྱུང༌།  རང་ལོ16སྟེང་དམག་ཏུ་ཞུགས་ཏེ་ལོ་གཉིས་སོང་རྗེས་ཡང་བསྐྱར་དམག་གྲལ་ནས་ཕྱིར་བུད་དེ་ལས་ཀར་ཞུགས་དགོས་བྱུང༌། 1992ལོར་སི་ཁྲོན་ཁྲི་འདུ་རུ་ལྕགས་རིགས་བཟོ་གྲྭ་ཞིག་ཏུ་ལས་ཀ་བྱས། ཡིན་ནའང༌། གླུ་གཞས་ལ་དགའ་མོས་ཆེ་བས་མཐར་ལས་ཀ་དེ་བློས་བཏང་སྟེ་གླུ་ལེན་གྱི་ལམ་ཁར་ཞུགས།  དེ་ནས་བཟུང་ནང་མ་གླུ་ཁང་སོགས་སུ་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་གླུ་གཞས་གཏོང་མགོ་བརྩམས།
        དེ་ནས་རིམ་བཞིན་ཁྲི་འདུ་གྲོང་ཁྱེར་དུ་མང་ཚོགས་ཀྱིས་དགའ་མོས་བྱེད་སའི་བོད་ཀྱི་གླུ་བ་ཞིག་ཏུ་གྱུར། ཕྱི་ལོ་ 1992ལོར《གངས་ཕྲུག་གི་སེམས་པ》ཞེས་པའི་ཆེད་སྒྲིག་སྒྲ་ཐག་ཐོག་མ་དེ་འགྲེམས་སྤེལ་བྱས་ཤིང༌། ལོ་ཕྱེད་ཀའི་ནང་སྒྲ་ཐག་ཁྲི60ལྷག་འགྲེམས་རྒྱུག་ཐུབ་པ་བྱུང༌། དེ་དང་བསྟུན་ནས་ཁོང་གི་མཚན་སྙན་ཀྱང་བོད་ཁམས་ཡོངས་སུ་ཁྱབ། ཕྱི་ལོ1994ལོའི་སྟོན་ཀར་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་མཁའ་བསྐྱོད་གླ་རྒོད་ཅེས་པ་ལྷ་སར་བརྙན་ཕབ་བྱེད་དུ་འོང་སྟེ་བོད་ཁུལ་གྱི་གླུ་བ་བཞི་བཙལ་ཡང༌། གླུ་ཚིག་རྩོམ་པ་པོ་བཀྲ་ཤིས་ཟླ་བ་དང་དབྱངས་རྩོམ་པ་པོ་སྨིན་གླིང་རྡོ་རྗེ་གཉིས་ཀྱི་ཐུགས་བློ་མ་ཁེངས་པར་བརྟེན། ཡང་བསྐྱར་གླུ་བ་ཡ་ཏུང་གདན་ཞུ་བྱས་ཏེ《མཁའ་ལྡིང་གླག་རྒོལ》 ཞེས་པ་སྒྲ་ལེན་བརྙན་ཕབ་བྱས། དེའི་ཕྱི་ལོར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གླུ་གཞས་འགྲན་སྡུར་སྟེང་གླུ་གཞས་དེར་གསེར་གྱི་རྟགས་མ་ཐོབ། དེ་ནས་བཟུང་ཁོང་གི་མཚན་སྙན་བོད་ཕྱི་ནང་ཡོངས་སུ་གྲགས་ཤིང༌། ཁོང་ནི་བོད་མི་དག་གིས་ཆེས་དགའ་མོས་བྱེད་སའི་གླུ་བ་ཞིག་ཏུ་གྱུར་ཡོད།    །